༄༅། །གསང་བདག་རྡོ་རྗེ་གཏུམ་པོའི་སྔགས་ཀྱི་སྤྱི་དོན་ཉུང་ངུར་བཤད་པ་རྡོ་རྗེའི་སྤྲིན་སྒྲ་བི་ཧ་ར་ཏིསྨ། །།
བླ་མ་བཅོམ་ལྡན་ཁྲོ་བོའི་རྒྱལ། །གསང་བདག་གཏུམ་པོ་རྡོ་རྗེ་འཛིན། །བདུད་ཀྱི་དགྲ་ལ་ཕྱག་འཚལ་ནས། །གསང་སྔགས་སྒྲ་དོན་ཉུང་ངུར་འགྲོལ། །འདིར་དུས་གསུམ་གཤེགས་པའི་རྒྱལ་བ་མ་ལུས་པའི་ཐུགས་ཀྱི་གསང་བ་བླ་ན་མེད་པའི་རྒྱུད་ཀྱི་མཛོད་འཛིན་ཅིང་། ལོག་པར་ཞུགས་པའི་བདུད་སྡེ་རྣམས་འདུལ་མཛད་དཔལ་ཧེ་རུ་ཀ་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཏུམ་པོ་ཆེན་པོའི་གསང་སྔགས་ཡི་གེ་བཅུ་གཉིས་པ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊཿ །ཅེས་པའི་དོན་ཉུང་ཟད་ཅིག་འགྲོལ་ན། ཨོཾ་ནི་དུག་གསུམ་འཇོམས་ཤིང་། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་རང་བཞིན་མཚོན་ཅིང་༼༤༧༧༽གནས་སྐབས་གཞན་དུ་བཀྲ་ཤིས་པ་དང་། ཕུན་སུམ་ཚོགས་པ་ལ་སོགས་པར་འཇུག་ཅིང་སྔགས་ཐམས་ཅད་ཀྱི་འགོ་འདྲེན་པར་བྱེད་པའོ། །བཛྲ་ནི་རྡོ་རྗེ་སྟེ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྡོ་རྗེའི་དཀྱིལ་འཁོར་ཡོངས་ལ་དབང་འབྱོར་བ་དང་། །གང་གི་མཐུ་སྟོབས་ཀྱི་རྡོ་རྗེ་མི་ཟད་པས་བདུད་ཀྱི་སྡེ་རྣམས་ཕྱེ་མར་འཐག་པར་བྱེད་པའམ། གང་གི་ལག་ན་ཉན་ཐོས་རྫུ་འཕྲུལ་ཆེན་པོ་རྣམས་དང་། ཚངས་པ་དང་། བརྒྱ་བྱིན་དྲག་པོ་སོགས་འཇིག་རྟེན་ན་མཐུ་དང་སྟོབས་ཇི་སྙེད་པས་འདེགས་པ་ལྟ་ཅི། ༼༤༧༨༽རྡུལ་ཕྲ་མོ་ཙམ་ཡང་བསྐྱོད་པར་མི་ནུས་པའི་ཁྲོ་བོའི་རྡོ་རྗེ་འབར་བར་འཛིན་པའམ། གང་གི་གསང་སྔགས་ཀྱི་མཐུས་བདུད་སོགས་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་ཅིང་། གསང་སྔགས་ཀྱི་མཐུ་ནི་གང་གིས་ཀྱང་བཟློག་པར་མི་ནུས་ཤིང་། མི་གཞིག་པ། སྲ་བ། བརྟན་པ། མི་ཆོད་པ། བདེན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ་སྟེ་རྡོ་རྗེའི་ཆོས་བདུན་གྱི་རང་བཞིན་ཅན་མཚོན་པའམ། གསང་བའི་བདག་པོ་ལག་ན་རྡོ་རྗེ་ཞེས་པའི་མཚན་གྱི་ངེས་པ་སྟོན་པར་བྱེད་པའོ། །ཙཎྜ་ནི་གཏུམ་པོ་ཞེས་པ་སྟེ། མི་ཟད་པའི་དྲག་ཤུལ་ཆེན་པོས་ལོག་པར་འདྲེན་པའི་བདུད་དང་རུ་ཏྲ་ལྷ་ཀླུ་མི་དང་ཡི་དྭགས་ཀྱི་སྡེ་ཐམས་ཅད་སྐད་ཅིག་ཉིད་ལ་བརླག་པར་བྱེད། རྨོངས་པར་བྱེད། རེངས་ཤིང་བསྐྲོད་པར་བྱེད། གསོད་ཅིང་ཟ་བར་བྱེད། ཉོན་མོངས་པའི་ཚོགས་གཏན་ནས་འཇོམས་ཤིང་བསྲེགས་པར་བྱེད་པའི་གཏུམ་དྲག་རྔམ་ཤིང་དཔའ་བའི་དོན་ནོ། །མ་ཧཱ་ནི་ཆེན་པོ་སྟེ། གང་གི་གི་མི་ཟད་བརྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་ནམ་མཁའི་མཐའ་དང་མཉམ་པར་འཇུག་པས་ཆེན་པོ་དང་། ཡང་ན་གང་གི་སྟོབས་དང་དྲག་ཤུལ་གཟི་བརྗིད་མཐུ་དང་རྫུ་འཕྲུལ་མཚན་དང་རྣམ་ཐར་ཡེ་ཤེས་ལ་༼༤༧༩༽སོགས་པ་ཁྲོ་བོའི་རྒྱལ་པོ་གཞན་གྱིས་བསྒྲུན་དུ་མེད་པས་ན་ཆེན་པོའོ། །རོ་ཥ་ཎ་ཞེས་པ་ནི་ཁྲོ་བོ་སྟེ། གདུལ་བྱ་ཞི་བ་ཆེན་པོའི་ཕྲིན་ལས་ཀྱིས་འདུལ་བའི་ཡུལ་དུ་མ་གྱུར་པ་རྣམས་ལ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་ཁྲོ་བོའི་རྒྱལ་པོ་མེའི་ཕུང་པོ་ལྟར་འབར་བའི་སྤྱན་དང་། འབྲུག་གི་སྒྲ་ལྟ་བུའི་ང་རོ་ཆེར་སྒྲོག་ཅིང་། རལ་པ་ནམ་མཁར་གཡེངས་པ། ཁྲོ་གཉེར་གྱི་རླབས་ཕྲེང་ཤིན་ཏུ་གཡོ་བའི་བཞིན་གྱི་དཀྱིལ་འཁོར་རྣམ་པར་བརྗིད་ཅིང་། རབ་ཏུ་རྣོ་བའི་མཆེ་བའི་མྱུ་གུ་གཙིགས་པ་བསྐལ་པའི་རླུང་ལྟར་འཇིགས་པའི་དབུགས་འབྱིན་ཅིང་། འབར་བའི་རྡོ་རྗེ་མེའི་ཟེར་ཕྲེང་སྤྲོ་བའི་མཚོན་གྱིས། ལོག་པར་སེམས་པའི་ཚོགས་ཀྱི་མགོ་བོ་འགེམས་པར་མཛད་པའི་ཁྲོ་བོ་ཆེན་པོའི་སྐུར་བསྟན་ནས། རྡོ་རྗེའི་ཁྲོ་བོ་མི་བཟད་པའི་སྤྲིན་མངོན་པར་སྤྲོས་ཏེ་མ་རུངས་པ་རྣམས་རྣམ་པར་འཇིགས་པ་དང་། བརྒྱ་ལ་ཞིང་དངངས་བར་བྱེད་ཅིང་སྟོབས་དང་། གཟི་བརྗིད་དང་། ང་རྒྱལ་དང་། དྲེགས་པ་རྣམས་ཡོངས་སུ་འཕྲོག་ནས་ཞབས་ཀྱི་འོག་ཏུ་མནན་ནས་ཡོངས་སུ་ཕམ་པར་མཛད་ཅིང་ཤིན་ཏུ་ཁྲོས་པའི་ཚུལ་སྟོན་པར་མཛད་པའོ། །ཧཱུྃ་ནི་ལས་ལ་འགྱེད་པ་དང་ཕོ་ཉ་སྤྲུལ་པ་སོགས་སྤྲོ་ཞིང་༼༤༨༠༽བསྐུལ་བའི་དོན་སྟེ། ཁྲོ་བོའི་རྒྱལ་པོ་གང་གིས་བདག་ལ་ཉེ་བར་འཚེ་བའི་ཚོགས་ཐམས་ཅད་འཇོམས་པར་མཛོད་ཅིག །སྤྲུལ་པའི་སྤྲིན་གྲངས་མེད་པ་གདུག་པ་ཅན་ཐམས་ཅད་འདུལ་བའི་ཕྱིར་དུ་སྤྲོ་བར་མཛོད་ཅིག་ཅེས་པའོ། །ཕཊཿནི་གཟུང་འཛིན་གཅོད་པ་དང་། བགེགས་དང་གནོད་བྱེད་ཀྱི་ཚོགས་ཐམས་ཅད་སྐྲག་པར་བྱེད་ཅིང་ཐལ་བར་རློག་པའི་ཕྱིར་དུ་བཀོད་པའོ། །དེའི་ཤམ་བུར་ག་རུ་ཌ་ནི། མཁའ་ལྡིང་ཞེས་པ་སྟེ། སྤྲུལ་པའི་ཕོ་ཉ་ཀླུ་གདོན་ཐམས་ཅད་ཟ་བར་བྱེད་པའི་ནམ་མཁའ་ལྡིང་ཞེས་པའོ། །ཙ་ལེ་ཞེས་པ་གཡོ་བའི་དོན་སྟེ། སྤྲུལ་པའི་བྱ་ཁྱུང་ཀླུའི་གནས་སུ་གཡོ་བར་མཛོད་ཅིག་པའི་དོན་དང་། ཙ་ལེ་ཕྱི་མ་ནི་དུས་མ་འགྱངས་པར་མྱུར་དུ་གཡོ་བར་གྱིས་ཤིག་པའོ། །ཧཱུྃ་ཕཊཿཅེས་པ་ནི་ལས་ལ་བསྐུལ་བ་སྟེ། སྤྲུལ་པའི་ཁྱུང་ཆེན་མི་ཟད་པའི་ཚོགས་སྤྲོས་ལ། ཀླུ་གདོན་སོགས་གདུག་ཅིང་མ་རུངས་པ་ཐམས་ཅད་ཐལ་བར་བརླག་པར་མཛོད་ཅིག་ཅེས་པའི་དོན་ནོ། །དེ་ལྟར་གོང་དུ་སྤྲས་པ་རྣམས་ཉེ་བར་བསྡུ་ན། ཨོྂ་སྔགས་ཀྱི་འགོ་འདྲེན་ཅིང་བཀྲ་ཤིས་པའི་ཕྱིར་ཐོག་མར་བཞག །བཛྲ་ནི་རྡོ་རྗེ། ཙཎྜ་གཏུམ་པོ། མ་ཧཱ་ཆེན་པོ། རོ་ཥ་ཎ་ཁྲོ་བོ། ཧཱུྃ་ཕཊ྄ཿལས་ལ་བསྐུལ་བ་སྟེ། ཨོྂ་རྡོ་རྗེ་གཏུམ་༼༤༨༡༽པོ་ཆེན་པོ་ཁྲོ་བོ་ལས་ལ་བསྐྱོད་ཅིག །སྤྲུལ་པའི་ཚོགས་ཀྱིས་གནོད་བྱེད་ཐལ་བར་མཛོད་ཅིག་ཅེས་དང་། ཤམ་བུའི་སྔགས་ཀྱི། ག་རུ་ཌ་ནམ་མཁའ་ལྡིང་། ཙ་ལེ་ཙ་ལེ་གཡོབ་གཡོབ། ཧཱུྃ་ཕཊ་ལས་ལ་བསྐུལ་བ་སྟེ། ནམ་མཁའ་ལྡིང་ཀླུའི་གནས་སུ་གཡོ་བར་མཛོད་ཅིག །མྱུར་དུ་གཡོ་བར་མཛོད་ལ་གདུག་པ་ཅན་ཐལ་བར་རློག་ཅིག །ཅེས་པའི་དོན་ཡིན་ནོ། །དེ་ལྟར་རྡོ་རྗེ་ཁྲོ་བོ་གསང་བདག་གཏུམ་པོའི་གསང་སྔགས་ཀྱི་དོན་རྒྱས་པར་བཀྲོལ་ན་རྒྱུད་སྡེ་བཞི་སོ་སོར་ཕྱི་ནང་གསང་བའི་ཚུལ་གྱིས་རྒྱས་པར་བཤད་པ་དང་། ལེགས་སྦྱར་གྱི་སྐད་དང་འབྲེལ་བའི་བྱིང་རྐྱེན་ལས་བསྒྲུབ་པ་སོགས་མཐའ་ཡས་པ་ཞིག་མཆིས་པ་རྣམས་བརྗོད་པའི་སྤོབས་པ་མ་མཆིས་པ་དང་། བཤད་བྱ་རྒྱ་ཆེའི་དོན་གྱི་ཚུལ་ཇི་བཞིན་པ་སྦྱངས་ཡོན་ལྡན་པའི་གང་ཟག་དག་གིས་གཟིགས་མོར་གྱུར་པ་ལས། རང་རེ་རྣམས་ཀྱིས་སྤྱོད་ཡུལ་དུ་མ་གྱུར་པས་སྙིང་པོ་མདོར་བསྡུས་གོ་བདེ་སྤྱི་ལ་ཁྱབ་པའི་ཚུལ་སྦྱར་བའོ།། །ཞེས་པའང་སྐུ་ཞབས་ཐིམ་རྫོང་པ་ཀུན་བཟང་ཕྲིན་ལས་གང་གིས་རྒྱུད་ལྡན་གྱི་ཉམས་བཞེས་གཏུམ་པོ་མེ་ལྕེ་ཕྲེང་བའི་སྔགས་དོན་ཞིག་འབྲི་བར་བྱོས་ཞེས་བཀས་བསྐུལ་བའི་ངོམ་ལྡོག་ཙམ་གྱི་གཡར་ཁྲལ་དུ་འདུ་བགྱིད་པ་པོ་༼༤༨༢༽རིག་འཛིན་གྱི་བཙུན་པ་མཁའ་ཁྱབ་བདེ་བའི་རྡོ་རྗེའོ།། །བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཏུམ་པོའི་སྐུ་ལ་དཔལ་དང་དུར་ཁྲོད་ཆས་ཀྱི་རྣམ་བཞག་བརྩི་ཚུལ་མང་ཡང་། སྐབས་འདིར་གོ་བདེའི་བརྡའ་དོན་མདོར་བསྡུས་ནི། སྔོན་ཚེ་དཔལ་ཆེན་པོས་རུ་ཏྲ་བསྒྲལ་བའི་ཚེ་དུར་ཁྲོད་ཀྱི་བདག་པོ་མ་ཏྲཾ་རུ་ཏྲའི་ཆས་རྣམས་རྒྱལ་བའི་དཔའ་རྟགས་ཀྱི་མཚན་མར་བཞེས་པས་དུར་ཁྲོད་ཀྱི་ཆས་བརྒྱད་སྟེ། བསྒོ་བའི་གོས། ཞིང་གླང་། སྟག་གི་པགས་པ་གསུམ་དང་། ཕྱུག་པའི་རྩི། རཀྟའི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བཅས་གསུམ་དང་། བཏགས་པའི་རྒྱན། ཐོད་པའི་ཕྲེང་བ་ཚར་གསུམ་དང་། སྦྲུལ་ནག་གི་ཆུན་པོ་གཉིས་ཏེ་བསྡོམས་པའི་དུར་ཁྲོད་ཆས་བརྒྱད་པོའི་སྟེང་འབར་བ་མེ་ཡི་ཆས་དང་། ཐུགས་རྗེ་སྤྲུལ་པའི་རྒྱན་གཉིས་བསྣན་པས་བཅུར་གྱུར་པ་དང་། རྟགས་ཀྱི་ཕྱག་རྒྱའི་དབང་དུ་བྱས་ན། རུ་ཏྲ་སྡེ་གསུམ་བསྒྲལ་བའི་རྟགས་སུ་ཐོད་པ་སྐམ་རློན་ར་རི་གསུམ་གྱི་ཕྲེང་བ་ཚར་གསུམ། རུ་ཏྲའི་ཆུང་མ་ལ་མ་ཆགས་ཐབས་ཀྱི་རོལ་པས་དབང་དུ་བསྡུས་པའི་རྟགས་སུ་མཁུར་ཚོས་ལ་རཀྟའི་ཐིག་ལེ་གསུམ་ཚོམ། ཚངས་པ་ཆེན་པོ་བསྒྲལ་བའི་ཞིང་ཆེན་གྱི་གཡང་གཞི། བརྒྱ་བྱིན་དང་། དེའི་༼༤༨༣༽ཞོན་པ་གླང་པོ་ཆེ་བཏུལ་བའི་གླང་ཆེན་ཀོ་རློན། གཟའ་ཉི་མའི་བུ་མོ་སྟག་གདོང་སྤྱན་གཅིག་མ་བཏུལ་བའི་སྟག་ཤམ། ཀླུ་རྒྱལ་གདུག་པ་ཅན་བཏུལ་བའི་སྦྲུལ་ཆུན། སྲིན་མོ་ཉེར་བཞི་ལ་སོགས་པ་བཏུལ་བའི་དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ་རྩེ་གསུམ་རིས། དབང་མོ་ཉེར་བརྒྱད་བསྡུས་པའི་རྟགས་སུ་མགྲིན་པར་ཞག་གི་ཟོ་རིས་ཟླ་གམ་བཅས་བྱུང་བ་ཡིན་ཅིང་། བརྡའ་རྟགས་དོན་དུ་སྦྱར་བའི་གོ་བྱ་དངོས་ནི། དུག་གསུམ་སྐུ་གསུང་ཐུགས་ཀྱི་དབྱིངས་སུ་བསྒྲལ་བ་མཚོན་ཕྱིར་ཐོད་ཕྲེང་ཚར་གསུམ། དུག་ལྔ་དབྱིངས་སུ་བསྒྲལ་ཞིང་མ་མོ་མཁའ་འགྲོ་དབང་དུ་སྡུད་ཕྱིར་རཀྟའི་ཐིག་པ། ཕྲིན་ལས་རྣམ་པ་བཞི་དང་། ཚད་མེད་བཞི་ཡི་འགྲོ་དོན་མཛད་པའི་ཕྱིར་ཞིང་ཆེན་གཡང་གཞི། ཐུགས་རྗེའི་ཤུགས་ཀྱིས་འགྲོ་རྣམས་བླ་མེད་འགོད་པའི་ཕྱིར་གླང་ཀོ །ཁམས་གསུམ་གྱི་ལོག་རྟོག་གི་ང་རྒྱལ་འཇོམས་པའི་ཕྱིར་སྟག་ཤམ། ཞེ་སྡང་རྣམ་པར་དག་ཅིང་བྱམས་པའི་དོན་མཛད་པའི་ཕྱིར་སྦྲུལ་གྱི་ཆུན་པོ། སྐྱེ་འཆིའི་རྟོག་པ་འཇོམས་ཤིང་སྐྱེ་མེད་མཚོན་ཕྱིར་ཐལ་ཚོམ། རྒྱུ་དྲུག་འཁོར་བའི་བཅུད་ཚོགས་གཉིས་ཀྱི་གསོས་སུ་བླང་བའི་ཕྱིར་ཞག་གི་ཟོ་རིས་བཅས་བརྒྱད་ཀྱི་སྟེང་། ཡེ་ཤེས་ལྔ་པོ་དོན་དམ་སྤྲོས་བྲལ་གྱི་དབྱིངས་སུ་གཅིག་ཅིང་ཐུགས་རྗེས་༼༤༨༤༽འགྲོ་དོན་རྒྱུན་ཆད་མེད་པར་མཛད་པའི་ཕྱིར་ཐོད་སྐམ་ལྔའི་དབུ་རྒྱན། མ་རིག་རྣམ་རྟོག་གི་བུད་ཤིང་ཡེ་ཤེས་ཆེན་པོའི་དབྱིངས་སུ་སྦྱོང་བའི་ཕྱིར་ཡེ་ཤེས་ཀྱི་མེ་དཔུང་བཅས་དཔལ་དང་དུར་ཁྲོད་ཆས་རྣམས་ཀྱི་གོ་དོན་ཉུང་འདུས་གོ་བདེར་སྤྲོས་པ་ལགས།། ༈ །བཀའ་བརྒྱད་བདེར་འདུས་སྒྲུབ་ཁོག་ལས། དུར་ཁྲོད་ཆས་བརྒྱད་སྟེང་དུ་དཔལ་ཆས་གོ་ཁྲབ་དང་། མེ་དཔུང་བསྣན་པས་བཅུ། ཡང་དག་གི་རྒྱུད་ལས། དུར་ཁྲོད་ཆས་བརྒྱད་སྟེང་དུ་གསལ་བ་མེའི་ཆས་དང་། ཟིལ་གནོན་གཤོག་པའི་ཆས་བསྣན་པས་བཅུ། མཆོག་གླིང་གསང་ཐིག་ཕུར་པ་ལས། དུར་ཁྲོད་ཆས་བརྒྱད་སྟེང་། དཔལ་ཆས་གཤོག་པ་དང་། རུས་བརྒྱན་བསྣན་པས་བཅུ། སྒྱུ་འཕྲུལ་ལས། དུར་ཁྲོད་ཆས་བརྒྱད་ཀྱི་སྟེང་དུ་དཔལ་ཆས་བརྒྱད་ལ། དབུ་སྐྲ་གྱེན་བརྫེས་༡། རྡོ་རྗེའི་ཁྱུང་གཤོག་༢། མཐིང་དམར་ཅོད་པན་༣། སྤྱི་གཙུག་རྡོ་རྗེ་༤། དབང་གི་བསེ་ཁྲབ་༥། ཤེས་རབ་ཡུམ་༥། དཔའ་བོ་ལྕགས་༦། འབར་བ་མེའི་ཆས་དང་བརྒྱད། གཡུང་གིས་དཔལ་ཆས་བརྒྱད་ལ། ཆུ་སྲིན་༡། ཉི་ཟླ་༢། མེ་༣། མཆེ་བ་༤། གཤོག་པ་༥། རྡོ་རྗེའི་སློག་པ་༦། བསེ་ཁྲབ་༧། རྒྱ་གྲམས་དང་བརྒྱད། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ལུགས་ལ། དུར་ཁྲོད་ཆས་བརྒྱད་ལ་༼༤༨༥༽སྦྲུལ་ཆུན་ཚབ་ཏུ་ཐོད་རྒྱན་གཉིས། དཔལ་ཆས། ཁྲི་གཅིག །མེ་གཉིས། སྦྲུལ་གསུམ། གཤོག་པ་བཞི། དར་དཔྱངས་ལྔ། རུས་རྒྱན་དྲུག །རིན་ཆེན་ཕྲེང་བ་བདུན། ཁྱུང་དབུ་རྒྱན་དང་བརྒྱན་རྣམས་དང་། གཞན་ཡང་བཞེད་ཚུལ་མང་ངོ་།། །།