| |
༧དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ།
གཉིས།

 

༈ རྒྱལ་བ་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ་མཆོག་སྐུ་ཚེ་སྨད་དུ་མཚུར་ཕུའི་ཡང་ཁྲོད་དུ། སྐུ་མཚམས་དམ་པོར་བཞུགས་སྐབས་ཉིད་ཀྱི་ཞལ་སློབ་འགོ་ལོག་དགེ་སློང་འཇམ་དཔལ་ཚུལ་ཁྲིམས་ལ་སྲུང་འཁོར་སྐུད་རྒྱ་ཅན་ཞིག་གནང་སྟེ། འདི་སྲུང་བ་ཡིན་མ་འོངས་པར་དཔལ་སྤུངས་དགོན་ནས་བང་ཆེན་འབྱོར་ཏེ་བྲེལ་བ་ཆེན་པོ་ཡོང་བའི་སྐབས་ཞལ་ཕྱེ་གསུང༌། དེ་ནས་ཟླ་བ་གཅིག་གི་རྗེས། ཆུ་ཁྱི་ཟླ་༣ པའི་ཚེས་༡༧ ཉིན་མཁའ་ཁྱབ་རྡོ་རྗེ་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས། ཏཱ་ཡི་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ནས་དག་སྣང་གི་གཟིགས་པས་ཡང་སྲིད་རིན་པོ་ཆེ། ཁམས་སྡེ་དགེ་འདན་ཁོག་ཨ་ཐུབ་ཚང་གི་ཡབ་ཚེ་དབང་ཕུན་ཚོགས་དང༌། ཡུམ་སྐལ་བཟང་ཆོས་སྒྲོན་གཉིས་ཀྱི་ཁབ་ཏུ་འཁྲུངས་པ་གཟིགས་ཏེ། སི་ཏུ་པདྨ་དབང་མཆོག་གི་མདུན་ནས། མཚུར་ཕུ་དགོན་དུ་བང་མི་ཆེད་བཏང་མཛད་དེ་གོང་མའི་ཞལ་ཆེམས་ཡོད་ན་གདན་དྲངས་ཤོག་བཀའ་ཕེབས་པར་མཚུར་སྒར་ནས་བཙལ་ཀྱང་མ་རྙེད། རྒྱལ་བ་ཐམས་ཅད་མཁྱེན་པ་༧གོང་ས་ཏཱ་ལའི་བླ་མ་བཅུ་གསུམ་པ་ཆེན་པོ་མཆོག་གི་མདུན་དུ་ཡང་སྲིད་འཁྲུལ་མེད་ཡིན་མིན་གྱི་སྙན་ཞུ་འབུལ་ཆེད་དཔལ་སྤུངས་ཕྱག་མཛོད་བློ་གྲོས་དང༌། མཚུར་ཕུའི་ཕྱག་མཛོད་བག་གྲོ་གཉིས་མཇལ་བཅར་ཞུས་པར་༧གོང་ས་མཆོག་ནས་ཟག་མེད་ཡེ་ཤེས་གཟིགས་པས་བཀའ་ཕྱིར་ཕེབས་སྦུག་ཐམ་རིན་པོ་ཆེ་སྩལ་གནང་མཛད། དགེ་སློང་འཇམ་དཔལ་ཚུལ་ཁྲིམས་ནས་གོང་གསལ་གནས་ཚུལ་ཐོས་ཏེ་རྗེ་གོང་མས་གནང་བའི་སྲུང་འཁོར་ཞལ་ཕྱེ་སྐབས་བརྡ་ཡིག་ལུང་བསྟན་འདུག་པ་མཚུར་སྒར་དུ་ཕུལ་བ་དཔལ་སྤུངས་སུ་གདན་དྲངས་ནས་ཕབ་པའི་སྙིང་དོན་དང༌། ཡང་སྲིད་ཀྱི་འཁྲུངས་ཡུལ་སོགས་རྩེ་མཐུན་དུ་གྱུར། དགུང་ལོ་བརྒྱད་ཀྱི་སྐབས་སི་ཏུ་རིན་པོ་ཆེ་ནས་དཔལ་སྤུངས་སུ་བཀའ་བརྒྱུད་དགོན་ཁག་ཡོངས་ནས་གསེར་ཁྲི་མངའ་གསོལ་མཛད་དེ། མཆོག་གྱུར་གླིང་པའི་གཏེར་མ་གུ་རུའི་ལུང་བསྟན་ལྟར་དཔལ་ལྡན་རང་བྱུང་རིག་པའི་རྡོ་རྗེར་མཚན་གསོལ། དེ་ནས་སི་ཏུ་རིན་པོ་ཆེ་དང་ལྷན་དུ་མཚུར་ཕུ་གདན་སར་ཕེབས། ༧རྒྱལ་བ་ཐམས་ཅད་མཁྱེན་པ་བཅུ་གསུམ་པ་ཆེན་པོ་མཆོག་གིས་གཙུག་ཕུད་བཞེས་ཏེ། མཚན་ཐུབ་བསྟན་རིག་གྲོལ་ཡེ་ཤེས་ཞེས་པ་བསྩལ་རྗེས་མཚུར་ཕུ་དགོན་དུ་སི་ཏུ་རིན་པོ་ཆེ་མཆོག་ནས། གསེར་ཁྲི་མངའ་གསོལ་ཟབ་རྒྱས་མཛད།།


 
 

རྒྱལ་དབང་ཀརྨ་པ་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ།

 
གཉིས།

 

© Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal. www.leksheyling.net