December 29, 2012
གླེང་བརྗོད།
 
༈ དེ་ཡང་༧་རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྐབས་སུ། <<ད་ལོ་སྤྱིར་བཏང་གི་བཀའ་བརྒྱུད་སྨོན་ལམ་ཐེངས་སུམ་ཅུ་པ་འདི་འཇམ་མགོན་ཀོང་སྤྲུལ་རིམ་བྱོན་གྱི་མཛད་པ་བཟང་པོ་ལ་རྗེས་དྲན་ཞུ་ཡག་ཅིག །དེའི་འདྲའི་གཅིག་གི་ད་ག་རེ་བརྗོད་གཞི་གཙོ་བོར་དེ་འདྲ་ཆགས་བསྡད་ཀྱི་ཡོད་བ་རེད། ད་བླ་མའི་མཛད་པ་ཕྲིན་ལས་ལ་རྗེས་དྲན་ཞུ་ཡག །ཡག་ཤོས་དེ་གང་རེ་རེད་འདུག་ཟེར་ན། བླ་མའི་དགོངས་པ་རྟོགས་པ་བྱེད་ཡག་དེ་དགོས་ཆེ་ཤོས་རེད་འདུག་ག །བྱས་ཙང་འདི་འཇམ་མགོན་རིན་པོ་ཆེས་མཛད་པའི་བསྟན་བཅོས་འདི་ཚོ་ལ་ཡ་བལྟས་བྱས་ཨ་ནས་བླ་མའི་དགོངས་པ་རྟོགས་པར་བྱས་ནས། བླ་མའི་དགོངས་པ་ཇི་བཞིན་དུ་སོ་སོས་གང་ཐུབ་ཐུབ་ཉམས་ལེན་བྱེད་ཡག་ལ་འབད་བརྩོན་བྱས་ཡག་འདི། དེ་ལས་ལྷག་པའི་རྗེས་དྲན་ཞུ་ཡག་འདྲ་བོ་ཞིག་གང་ཡང་མེད་པའི་བཟོ་འདྲ་བོ་ཞིག་འདུག །>>ཅེས་གསུངས་པ་བཞིན། འཇམ་མགོན་རིན་པོ་ཆེའི་གསུང་འབུམ་མང་དུ་བཞུགས་ཡོད་པའི་ནང་ནས། བློ་ལྡན་འགའ་ཞིག་གིས་ཤེས་བྱ་ཀུན་ཁྱབ་མཛོད་འདི་ཉིད་དམ་ཆོས་འབྱུང་གནས་ཀྱི་དྲྭ་རྒྱའི་ནང་དུ་བཞག་ཕྱིར་ཡང་ཡང་བསྐུལ་མ་བྱུང་བ་དང་། རང་ཉིད་ཀྱང་གཞུང་འདི་ལ་སྤྲོ་བ་ཡོད་པས་ལོ་ཤས་རིང་ནས་འཛུགས་བསྐྲུན་གྱི་བྱ་བ་བྱས་པ་འདི་ཉིད། ད་ལན་འཇམ་མགོན་ཀོང་སྤྲུལ་གྱི་མཛད་སྒོའི་སྐབས་བསྟུན་གྱིས་བླ་མ་དགྱེས་པའི་མཆོད་སྤྲིན་དུ་དམིགས་ཏེ་འབུལ་བ་ལགས་ན་ཀུན་གྱིས་རྗེ་བཙུན་བླ་མའི་དགོངས་པ་རྟོགས་པའི་རྒྱུར་གྱུར་ཅིག །ཀརྨ་བི་ཛ་ཡས་སྨྲས་པ་དགེ། །།

 

 
 
../index.htm
©Karma Lekshey Ling Institute